Menu

གསུང༌མགུར། 85

NTB

1 ༼དབུ་མཛད་ལ་སྤྲད་པའི་ཀོ་རཱག་གི་བུ་རྣམས་ཀྱི་མགུར༌མ།༽ ཀྱེ་ཀྱེ་ཡ་ཝཱེས་རང་ཡུལ་དྲིན་གྱིས༌བསྐྱངས། །ཡ་ཀོབ་བཙོན་པ་ཁྱེད་ཀྱིས་ཕྱིར་དྲངས༌སོ།།

2 ཁྱེད་ཀྱི་འབངས་མི་ཉེས་པ་བཤགས་པར༌མཛད། །དེ་ཚོའི་སྡིག་པ་ཐམས་ཅད་བཀབ་པ༌འོ།།༼ སེ༌ལཱ། ༽

3 ཁྱེད་ཀྱི་ཐུགས་ཁྲོ་ཡོངས་སུ་བསྐྱུར་བ༌དང༌། །ཉིད་ཀྱི་ཐུགས་ཁྲོ་དྲག་པོ་ཞི་བར༌མཛད།།

4 ཀྱེ་ཀྱེ་ངེད་རྣམས་སྐྱོབ་པའི་དཀོན་མཆོག༌ལགས། །ཁྱེད་ཀྱིས་ང་ཚོ་ཡང་བསྐྱར་དར་བར༌མཛོད། །ཁྱེད་ཀྱི་ཐུགས་ཁྲོ་ངེད་ལས་མེད་པར༌མཛོད།།

5 དུས་རྒྱུན་ངེད་ཅག་ལ་ནི་ཐུགས་ཁྲོ༌འམ། །མི་རབས་ཀུན་ལ་ཐུགས་ཁྲོ་བསྐྱེད་འོང༌ངམ།།

6 ཁྱེད་ཀྱི་འབངས་མི་ཁྱེད་ནང་སྐྱིད་པའི༌ཕྱིར། །ངེད་རྣམས་སླར་ཡང་གསོན་པོར་མི་མཛད༌དམ།།

7 ཁྱེད་ཀྱི་ཐུགས་རྗེ་སྟོན་མཛོད་ཡ་ཝཱེ་ཀྱེ། །ཁྱེད་ཀྱི་ཐར་པ་ང་ཚོར་གནང་བར༌མཛོད།།

8 ཁྱེད་ཀྱི་དད་གུས་ཅན་དང་འབངས་མི༌ལ། །ཞི་བདེ་གནང་བའི་དམ་བཅའ་ཡོད་པས༌ན། །དཀོན་མཆོག་ཡ་ཝཱེས་ཅི་གསུང་བདག་གིས༌མཉན། །འོན་ཀྱང་དེ་རྣམས་གླེན་ཕྱོགས་འཁོར་མི༌རུང༌།།

9 གཟི་བརྗིད་རང་ཅག་ཡུལ་དུ་གནས་པའི༌ཕྱིར། །ཁོང་ལ་གུས་ཤིང་འཇིགས་པའི་མི་རྣམས༌ལ། །ཁོང་གི་ཐར་པ་དངོས་གནས་ཉེ་བ༌ཡིན།།

10 བྱམས་བརྩེ་དང་ནི་གཞུང་དྲང་མཉམ་དུ༌འཕྲད། །བདེན་དྲང་ཞི་བདེ་ཕན་ཚུན་མཛའ་བོར༌འགྱུར།།

11 ས་ལས་དྲང་བདེན་རྡོལ་ཞིང་ནམ་མཁའ༌ནས། །དྲང་བ་ཉིད་ཀྱིས་ཐུར་ལ་བལྟ་བར༌བྱེད།།

12 ཡ་ཝཱེས་ང་ཚོར་གང་བཟང་གནང་བ༌ཡིན། །རང་ཅག་ས་ལས་ལོ་ཏོག་བསྐྱེད་པར༌འགྱུར།།

13 ཁོང་གི་སྔོན་དུ་དྲང་བ་ཉིད་སྐྱོད༌ཅིང༌། །ཁོང་གི་ཞབས་ལ་ཕེབས་ལམ་སྟ་གོན༌མཛད།།

Everything we make is available for free because of a generous community of supporters.

Donate