Menu

གསུང༌མགུར། 144

NTB

1 ༼དཱ་བིད་ཀྱི་མགུར༌མ།༽ ང་ཡི་བྲག་རི་ཡ་ཝཱེ་བསྟོད་པར་འོས། །ཁོང་གིས་ང་ཡི་ལག་པར་འཐབ་ལུགས༌དང༌། །མཛུབ་མོར་དམག་འཁྲུག་རྒྱག་ཚུལ་བསླབ་པ༌ཡིན།།

2 ཁོང་ངའི་བྱམས་བརྩེ་ལྡན་པའི་གཙོ་བོ༌དང༌། །ང་ཡི་རི་རྫོང་དང་ནི་བཙན་རྫོང༌དང༌། །ང་ཡི་སྲོག་སྐྱོབ་དང་ནི་ཕུབ་ཡིན༌ཞིང༌། །ང་རང་སྐྱབས་སུ་འགྲོ་ས་ཡང་ཡིན༌ནོ། །ཁོང་གིས་འབངས་རྣམས་ང་ཡི་དབང་དུ༌བསྡུས།།

3 ཀྱེ་ཀྱེ་ཡ་ཝཱེ་འཇིག་རྟེན་མི་ནི༌ཅི། །ཁྱེད་ཀྱིས་མི་རྣམས་ཐུགས་སུ་འཛིན་དོན༌ཅི། །ཀྱེ་ཀྱེ་འཇིག་རྟེན་མི་བུ་ཅི་འདྲ༌ཙམ། །ཁྱེད་ཀྱིས་དེ་ལ་ཐུགས་ཁུར་མཛད་དོན༌ཅི།།

4 མི་ནི་དབུགས་ཐེངས་གཅིག་ཙམ་ཡིན་པ༌དང༌། །དེ་ཡི་མི་ཚེ་གྲིབ་མ་ནང་བཞིན༌ཡལ།།

5 ཡ་ཝཱེ་ནམ་མཁའ་འཕྱངས་ནས་མར་ཕེབས༌ཤོག །རི་བོ་རྣམས་ལ་ཕྱག་གིས་རེག་པར༌མཛོད། །རི་བོ་རྣམས་ལས་དུ་བ་འཕྱུར་བྱེད༌དོ།།

6 གློག་དམར་འཁྱུགས་ནས་དགྲ་རྣམས་གཏོར་བར༌མཛོད། །ཕྱག་མདའ་འཕངས་ནས་དེ་རྣམས་དཀྲོག་པར༌མཛོད།།

7 སྟེང་ནས་ཕྱག་མར་བརྐྱངས་ཏེ་ང་སྐྱོབ༌རོགས། །ཆུ་ཆེན་དང་ནི་ཕྱི་པའི་ལག་ནས༌སྒྲོལ།།

8 དེ་དག་ཁ་ནས་རྫུན་གཏམ་ལབ་པ༌དང༌། །གཡས་ལག་བཀྱགས་ནས་རྫུན་གྱི་མནའ་སྐྱེལ༌ལོ།།

9 དཀོན་མཆོག་ཁྱེད་ལ་བསྟོད་དབྱངས་གསར་པ༌འབུལ། །རྒྱུད་བཅུའི་རྒྱུད་མངས་ཀྱིས་ནི་ཁྱེད་ལ༌བསྟོད།།

10 ཁོང་གིས་རྒྱལ་པོ་རྣམས་ནི་ཐར་དུ༌འཇུག །ཞབས་ཕྱི་དཱ་བིད་སྲོག་ལེན་གྲི་ལས༌སྲུང༌།།

11 ཕྱི་པའི་ལག་ནས་ང་སྐྱོབ་ང་སྒྲོལ༌དང༌། །དེ་དག་ཁ་ནས་རྫུན་གཏམ་ལབ་པ༌དང༌། །གཡས་ལག་བཀྱགས་ནས་རྫུན་གྱི་མནའ་སྐྱེལ༌ལོ།།

12 ངེད་ཀྱི་བུ་རྣམས་གཞོན་ནུའི་དུས་ནས༌བཟུང༌། །ལྗོན་གསར་བཞིན་དུ་ཆེ་ཆེར་སྐྱེ་བ༌དང༌། །བུ་མོ་རྣམས་ནི་ཕོ་བྲང་ཟུར་བཞི༌ཡི། །རྒྱན་བྱེད་ཀ་བ་བཞོགས་འདྲར་གྱུར་ཅིག༌གུ།

13 ངེད་ཀྱི་བང་མཛོད་རྣམས་ནི་འབྲུ་ཡིས༌གཏམས། །ཟས་རིགས་སྣ་ཚོགས་དེ་ལས་འབྱུང་བ༌ཡིན། །ངེད་ཀྱི་སྤང་དུ་ལུག་ནི་ཁྲི་སྟོང༌འཕེལ།།

14 ངེད་ཀྱི་བ་ཁྱུ་མང་དུ་འཕེལ་བ༌དང༌། །མངལ་ཤོར་དང་ནི་འཆི་བ་ཡོད་མ༌ཡིན། །ཕྱི་རུ་བསྐྱོད་དེ་འཐབ་འཁྲུག་རྒྱག་པ༌མེད། །ལམ་སྲང་རྣམས་སུ་སྨྲེ་སྔགས་སྐད་ཀྱང༌མེད།།

15 འདི་འདྲའི་དཔལ་ལ་རོལ་བའི་འབངས་རྣམས༌བདེ། །ཡ་ཝཱེ་དཀོན་མཆོག་ལགས་པའི་འབངས་རྣམས༌བདེ།།

Everything we make is available for free because of a generous community of supporters.

Donate