Menu

གསུང༌མགུར། 104

NTB

1 ཀྱེ་ཀྱེ་ང་ཡི་སེམས་ཀྱིས་ཡ་ཝཱེར༌བསྟོད། །ང་ཡི་དཀོན་མཆོག་ཡ་ཝཱེ་ཤིན་ཏུ༌ཆེ། །ཁྱེད་ཀྱིས་དཔལ་དང་གཟི་བྱིན་ན་བཟའ་གསོལ།།

2 འོད་ཟེར་ན་བཟའ་བཞིན་དུ་གསོལ་བ༌དང༌། །ནམ་མཁའི་དབྱིངས་རྣམས་གུར་བཞིན་ཐར་བརྐྱངས༌སོ།།

3 སྟེང་ཁང་རྣམས་ཀྱི་གདུང་མ་ཆུ་སྟེང༌འཛུགས། །གནམ་གྱི་ཆུ་འཛིན་ཉིད་ཀྱི་ཤིང་རྟར༌མཛད། །རླུང་གི་འདབ་གཤོག་རྣམས་ཀྱི་སྟེང་ནས༌ཕེབས།།

4 ཁོང་གིས་རླུང་རྣམས་ཉིད་ཀྱི་ཕོ་ཉར༌མཛད། །མེ་ལྕེ་ཉིད་ཀྱི་ཞབས་ཕྱིར་མཛད་པ༌འོ།།

5 གཞི་གདན་སྟེང་དུ་ས་གཞི་བཞག་ནས༌ནི། །དེ་ནི་གཏན་དུ་གཡོ་བ་མེད་པར༌མཛད།།

6 གཏིང་ཟབ་ཆུ་ཡིས་ས་གཞི་གོས་ལྟར༌གཡོགས། །ཆུ་རྣམས་རི་རྩེ་དག་ལས་བརྒལ་བར༌གྱུར།།

7 ཁྱེད་ཀྱིས་བཀའ་བཀྱོན་གནང་བས་ཆུ་རྣམས༌བྲོས། །ཉིད་ཀྱི་འབྲུག་སྒྲ་དབང་གིས་ཆུ་རྣམས༌བྱོལ།།

8 རི་རྣམས་འབུར་ཞིང་ལུང་པ་བརྡིབས་ནས༌ནི། །ཁྱེད་ཀྱིས་བཤམས་པའི་གནས་སུ་སླེབས་པ༌ཡིན།།

9 ཆུ་རྣམས་ཕར་ལ་བརྒལ་ནས་ས་གཞི༌ནི། །འགེབ་པར་མི་བྱ་ཆེད་དུ་ས་མཚམས༌བཅད།།

10 ཡ་ཝཱེས་གྲོག་མོར་ཆུ་མིག་འབབ་བཅུག༌ཅིང༌། །དེ་རྣམས་རི་བོའི་གསེབ་ནས་བཞུར་བར༌མཛད།།

11 ཐང་གི་རི་དྭགས་རྣམས་ཀྱིས་དེ་འཐུང༌ཞིང༌། །རྐྱང་གིས་རང་གི་སྐོམ་པ་དེ་ཡིས༌སེལ།།

12 དེ་ཡི་ཉེ་འཁོར་ནམ་མཁའི་བྱ་རྣམས༌གནས། །ཡལ་གའི་གསེབ་ནས་དེ་དག་མགུར་མ༌ལེན།།

13 སྟེང་ཁང་རྣམས་ནས་རི་ལ་ཆུ་གཏོང༌ཞིང༌། །ཁོང་གི་མཛད་པའི་འབྲས་བུས་ས་གཞི༌ཚིམས།།

14 ཕྱུགས་ཀྱི་ཕྱིར་དུ་རྩྭ་སྔོན་སྐྱེས་པར༌མཛད། །མི་ཡིས་སྤྱོད་ཕྱིར་སྔོ་ཚོད་བསྐྱེད་ནས༌ནི། །ས་ནས་མི་ལ་ཁ་ཟས་འཐོབ་པ༌དང༌།།

15 མི་སེམས་དགའ་བར་བྱེད་པའི་རྒུན་ཆང༌དང༌། །གདོང་ལ་འོད་མདངས་སྦྱིན་པའི་སྣུམ་རྩི༌དང༌། །ལུས་ཤུགས་བསྐྱེད་པའི་འབྲུ་རིགས་ཐོབ་པར༌མཛད།།

16 ཡ་ཝཱེས་བཙུགས་པའི་ཡིད་འོང་ཤིང་སྡོང༌སྟེ། །ལེ་པཱ་ནོན་གྱི་ཐང་ཤིང་ཚིམ་པར༌མཛད།།

17 འདབ་ཆགས་བྱ་ཡིས་དེའི་སྟེང་ཚང་བཟོ༌ཞིང༌། །ཁྲུང་ཁྲུང་དཀར་མོའི་ཚང་ནི་གསོམ་ཤིང༌ཡིན།།

18 རི་བོ་མཐོན་པོ་གནའ་ཡི་གནས་གཞི༌ཡིན། །བྲག་རྣམས་འཕྱི་བ་དག་གི་སྐྱབས་གནས༌ཡིན།།

19 དུས་ཚིགས་འབྱེད་ཕྱིར་ཁྱེད་ཀྱིས་ཟླ་བ༌བཞག །ཉི་མས་ནམ་ཞིག་ནུབ་དགོས་ཤེས་པ༌ཡིན།།

20 ཁྱེད་ཀྱིས་མུན་པ་མཛད་པས་མཚན་མོར༌གྲུབ། །ནགས་ཀྱི་རི་དྭགས་ཐམས་ཅད་ཕྱི་རུ༌ཐོན།།

21 སེང་གེས་ང་རོ་དང་བཅས་བརྔོན་ཤ༌འཚོལ། །དཀོན་མཆོག་ལས་ནི་རང་ལ་ཁ་ཟས༌སློང༌།།

22 ཉི་མ་ཤར་བ་ཙམ་གྱིས་དེ་རྣམས༌ནི། །རང་གི་ཚང་ལ་ཡིབས་ནས་ཉལ་བ༌ཡིན།།

23 མི་ནི་ལས་ཀ་བྱེད་དུ་ཕྱི་རོལ༌ཐོན། །དགོང་མོའི་བར་དུ་ངལ་ལས་བྱེད་པ༌ཡིན།།

24 ཡ་ཝཱེ་ཁྱེད་ཀྱི་འཕྲིན་ལས་ཇི་ལྟར༌མང༌། །ཁྱེད་ཀྱིས་དེ་ཀུན་ཤེས་རབ་ལམ་ནས༌བཀོད། །ས་གཞི་ཡོངས་ལ་ཁྱེད་ཀྱི་བཀོད་པས༌ཁེངས།།

25 ཡངས་ཤིང་ཆེ་བའི་རྒྱ་མཚོ་ཕ་རོལ་གནས། །སྲོག་ཆགས་ཆེ་ཆུང་གྲངས་མེད་འཕྱོ་བར༌བྱེད།།

26 དེ་རུ་གྲུ་གཟིངས་ཕར་འགྲོ་ཚུར་འོང༌བྱེད། །ཁྱེད་ཀྱིས་བཀོད་པའི་ཆུ་སྲིན་དེ་རུ༌རྩེ།།

27 དུས་ཐོག་ཁྱེད་ཀྱིས་ཁ་ཟས་གནང་བའི༌ཆེད། །དེ་རྣམས་ཀུན་གྱིས་ཁྱེད་ལ་སྒུག་བྱེད༌དོ།།

28 ཁྱེད་ཀྱིས་ཅི་གནང་དེ་ཚོས་སྡུད་པ༌དང༌། །ཁྱེད་ཕྱག་ཕྱེས་པར་དེ་རྣམས་བཟང་པོས༌ཚིམས།།

29 ཁྱེད་ཀྱི་ཞལ་རས་སྦ་དུས་དེ་རྣམས༌དངངས། །ཁྱེད་ཀྱིས་དེ་ཚོའི་དབུགས་ནི་འཁྱེར་མཛད༌པས། །དེ་རྣམས་འཆི་ཞིང་སླར་ཡང་རྡུལ་དུ༌འགྱུར།།

30 ཁྱེད་ཀྱིས་ཐུགས་ཉིད་མངགས་ཤིང་དེ་རྣམས༌བཀོད། །ས་གཞིའི་ངོས་ནི་ཡང་བསྐྱར་གསར་དུ༌བསྒྱུར།།

31 ཡ་ཝཱེའི་གཟི་བྱིན་གཏན་དུ་གནས་པར༌ཤོག །ཡ་ཝཱེ་ཉིད་ཀྱི་མཛད་པར་དགྱེས་གྱུར༌ཅིག།

32 ཁོང་གིས་ས་གཞིར་གཟིགས་པས་ས་གཞི༌འདར། །རི་བོར་རེག་པས་རི་ལས་དུ་བ༌འཕྱུར།།

33 བདག་གིས་ཚེ་གང་ཡ་ཝཱེར་མགུར་མ༌ལེན། །གསོན་པའི་རིང་ལ་ང་ཡི་དཀོན་མཆོག༌བསྟོད།།

34 ང་ཡི་བསམ་བློར་ཁོང་ཉིད་མཉེས་པར༌ཤོག །ཡ་ཝཱེའི་ནང་དུ་ང་རང་དགའ་མགུ༌རངས།།

35 སྡིག་ཅན་མི་རྣམས་ས་ནས་ཡལ་བ༌དང༌། །སྡིག་སྤྱོད་ཅན་རྣམས་རྩ་མེད་འགྲོ་བར༌ཤོག །ཀྱེ་ཀྱེ་ང་ཡི་སེམས་ཀྱིས་ཡ་ཝཱེར༌བསྟོད། །ཡ་ཝཱེ་ཁོང་ལ་བསྟོད་པར་གྱིས་ཤིག༌ཨང༌།།

Everything we make is available for free because of a generous community of supporters.

Donate