Menu

ལེགས་བཤད། 7

NTB

1 ངའི་བུ་ང་ཡི་ཚིག་ནི་བརྩི་བ༌དང༌། །ང་ཡི་བཀའ་རྒྱ་ཡིད་ལ་འཛིན་པར༌གྱིས།།

2 ང་ཡི་བཀའ་རྒྱ་སྲུངས་དང་གསོན་པར༌འགྱུར། །ང་ཡི་བསླབ་བྱ་མིག་འབྲས་བཞིན༌དུ་སྲུངས།།

3 དེ་དག་མཛུབ་མོ་རྣམས་ལ་དཀྲི་བ༌དང༌། །སྙིང་གི་བྱང་བུ་སྟེང་དུ་བརྐོ་བར༌གྱིས།།

4 ཤེས་རབ་ལ་ནི་ལྕམ་སྲིང་ཡིན་ཞེས༌བརྗོད། །བློ་གྲོས་ལ་ནི་ཉེ་འབྲེལ་ཞེས་ཐོགས༌ཤིག།

5 དེ་ལྟར་བྱས་ན་ཁྱོད་རང་བྱི་མོ༌དང༌། །གཡོ་ཟོལ་བསླུ་བྲིད་ཚིག་རྣམས་སྨྲ་བ༌ཡི། །སྨད་འཚོང་མ་ལས་སྲུང་ཞིང་ཐར་བར༌མཛད།།

6 བདག་གིས་རང་གི་ཁྱིམ་གྱི་སྒེའུ་ཁུང༌གི། །དྲ་མིག་དག་ལས་ཕྱི་རུ་བལྟས་པ༌དང༌།།

7 གླེན་པ་རྣམས་དང་ན་གཞོན༌ཁྲོད། །ཞིབ་ཏུ་མིག་གིས་བལྟས་ཙ༌ན། །གཞོན་ནུ་བླུན་པོ་ཞིག་མཐོང༌ཞིང༌།།

8 ཁོ་རང་སྲང་ལམ་བརྒྱུད་ནས༌ནི། །འཆལ་མོའི་སྡོད་སར་བཏུད་པ༌དང༌། །ཁོ་མོའི་ཁྱིམ་གྱི་ཕྱོགས་སུ༌སྐྱོད།།

9 དེའི་དུས་ཉི་མ་ནུབ་ནས་ས་རུབ༌ཅིང༌། །མཚན་མོར་མུན་ནག་འཐིབས་པའི་དུས་སུ༌ཡིན།།

10 ལྟོས་ཤིག་བུད་མེད་ཁོ་རང་བསུ་རུ༌ཐོན། །སྨད་འཚོང་མ་ཡི་གྱོན་ཆས་ལུས་ལ༌གྱོན། །དེ་ཡི་སེམས་སུ་གཡོ་སྒྱུས་ཁེངས་པ༌འོ།།

11 ཁོ་མོ་སྐད་གདངས་མཐོ་ལ་ཚོད་མི༌ཟིན། །རང་གི་ཁྱིམ་དུ་ཁོ་མོ་སྡོད་མི༌ཚུགས།།

12 ཁོ་མོ་སྐབས་འགར་སྲང་ལམ་དག་རྒྱུ༌ཞིང༌། །ལན་རེར་ཐང་ཆེན་རྣམས་སུ་ཡོད་པ༌དང༌། །གྲུ་ཟུར་གང་རུང་ལ་ཡང་འཇབ་ནས༌འདུག།

13 ཁོ་མོས་གཞོན་ནུ་དམ་པོར་བཟུང་ནས་མཆུ་སྒྲོས་སྦྱར། །ངོ་ཚ་མེད་པར་ཁོ་ལ་འདི་ལྟར་སྨྲས་པ༌སྟེ།།

14 ཞི་བདེའི་མཆོད་པ་ཕུལ་བ་བདག་གི་ཁྱིམ་དུ་ཡོད། །དེ་རིང་རང་གི་དམ་བཅའ་བཞིན་དུ་བསྒྲུབས་པ༌ཡིན།།

15 དེའི་ཕྱིར་བདག་ནི་ཁྱོད་རང་བསུ་རུ༌འོངས། །ཞིབ་ཏུ་བཙལ་ཞིང་མཐར་མཇུག་ཁྱོད་རང༌རྙེད།།

16 བདག་གིས་ཨེ་ཅིབ་སྐུད་པས་བཏགས་པ༌ཡི། །རས་ཁྲའི་མལ་སྟེན་གྱིས་ནི་མལ་ཁྲི༌བཀབ།།

17 བྱུགས་རྫས་གུ་གུལ་དང་ནི་ཨ་ག་རུ། །ཤིང་ཚ་བཅས་ཀྱིས་མལ་ཁྲིར་བདུགས་པ༌ཡིན།།

18 ཤོག་དང་ཞོགས་པའི་བར་དུ་འུ་གཉིས་ཀྱིས། །ལུས་འབྲེལ་སྐྱིད་ལ་ཚིམ་པར་རོལ་བར༌བྱ། །བྱམས་པ་དང་བཅས་དགའ་བདེའི་དཔལ་ལ༌རོལ།།

19 གང་ལ་ཞེ་ན་ང་ཡི་ཁྱོ་ག༌ནི། །ས་ཐག་རིང་པོར་སོང་བས་ཁྱིམ་དུ༌མེད།།

20 ཁོས་ནི་དངུལ་གྱི་ཁུག་མ་ཁུར་ནས༌སོང༌། །ཉ་གང་དུས་སུ་ད་གཟོད་ཕྱིར་ལོག༌འོང༌།།

21 འཆལ་མོས་ཁ་ཡག་ཚིག་གིས་ཁོ་རང༌བསླུས། །ངག་འཇམ་མཆུ་ཡིས་ལོག་པའི་ལམ་དུ༌བརྫངས།།

22 དེ་ནི་གླང་གོག་བཤན་པའི་དྲུང་དུ་འགྲོ༌བ་འམ། །བླུན་པོ་ལྕགས་སྒྲོག་དང་བཅས་ཉེས་ཆད་དང་ལེན༌དུ། །འགྲོ་བཞིན་གཞོན་ནུ་ཁོ་མོའི་རྗེས་སུ་ཤར་སེ༌འགྲོ།།

23 མདའ་མོས་དེ་ཡི་མཆིན་མ་བརྟོལ་བའི༌བར། །འདབ་ཆགས་རྙི་རྒྱའི་ནང་དུ་མཆོང་བ༌བཞིན། །རང་སྲོག་འཆོར་བར་འགྱུར་བ་ཚོར་མ༌ཡིན།།

24 དེ་བས་བུ་རྣམས་ཁྱོད་ཚོས་བདག་ལ༌ཉོན། །བདག་གི་ཁ་ཡི་གཏམ་ལ་མ་གཡེངས༌ཉོན།།

25 ཁྱོད་སེམས་འཆལ་མོའི་ལམ་དུ་ཕྱོགས་མི༌རུང༌། །ཁོ་མོའི་བགྲོད་ལམ་ལ་ཡང་ཞེ་མ༌ཆགས།།

26 ཁོ་མོས་མང་པོ་ས་ལ་བརྡབས་པ༌དང༌། །སྲོག་དང་ཕྲལ་བ་གྲངས་ལས་འདས་པས༌སོ།།

27 ཁོ་མོའི་ཁྱིམ་ནི་གཤིན་ཡུལ་འགྲོ་བའི༌ལམ། །འཆི་བའི་ནང་དུ་འདྲུད་པའི་ཁང་མིག༌ཡིན།།

Everything we make is available for free because of a generous community of supporters.

Donate